Diabetes in Tibetan (གཅིན་ནད་ཀྱི་ངོ་སྤྲོད་མདོར་བསྡུས།)



གཅིན་སྲིའམ་ཀ་རའི་ནད་ཀྱི་ངོ་སྤྲོད། (Diabetes)

སྤྱིར་གཅིན་ནད་ལ་གཙོ་བོ་རིགས་མི་འདྲ་བ་གསུམ་ཡོད།

དེ་དག་ལས་རིགས་དང་པོ་ Juvenile-onset diabetes ནི། ཕལ་ཆེ་བ་ལུས་པོའི་སྲུང་སྐྱོབ་བྱེད་མཁན་གྱི་སྒྲིག་སྲོལ་དེས་གཟུགས་པོའི་སྦུབས་ཕྲན་ཏེ་གཤེར་རྨེན་ནམ་མཁྲིས་པའི་སྐུལ་རྒྱུ་ (insulin) བཟོ་སྐྲུན་བྱེད་མཁན་ལ་གནོད་འཚེ་བཏང་བ་ལས་བྱུང་མོད། ཡིན་ནའང་འདིའི་འབྱུང་རྐྱེན་ཞིབ་ཕྲའི་གསལ་ཁ་ཞིག་ད་དུང་ཡང་གོ་རྟོགས་རྙེད་མེད། ནད་གཞི་འདིས་མནར་བའི་མི་རྣམས་ཀྱི་ལུས་པོར་མཁྲིས་པའི་སྐུལ་རྒྱུ་ཉུང་ངུ་ཙམ་མམ་གཏན་ནས་མི་བསྐྱེད། ནད་གཞི་འདི་ནི་མིའི་ལོ་ཚད་ཁྱད་པར་མེད་པར་སུ་ལའང་འབྱུང་ཉེན་ཡོད་ཀྱང་ཕལ་ཆེ་བ་བྱིས་པ་ལོ་ན་བཅུ་མན་ཆད་དང་རྒན་ཚད་ལོན་པ་རྣམས་ལ་མང་པོ་འབྱུང་གིན་ཡོད། ནད་རིགས་འདིས་ཟིན་པའི་མི་རྣམས་ཀྱིས་ཁྲག་ནང་དུ་ཡོད་པའི་བཅུད་རྫས་ཀ་ར་ (glucose) ཡི་ཚད་སྟངས་འཛིན་བྱས་ནས་ཆ་སྙོམས་པོར་གནས་པར་ཉིན་ལྟར་མཁྲིས་པའི་སྐུལ་རྒྱུ་ཡི་སྨན་ཁབ་རེ་རྒྱག་དགོས། གལ་སྲིད་ནད་གཞི་འདིས་མནར་བའི་མི་རྣམས་ཀྱིས་རང་གི་ལུས་པོའི་མཁྲིས་པའི་སྐུལ་རྒྱུ་ཡི་ཚད་སྙོམས་པོར་གཏོང་ཐབས་ལ་ལུས་རྩལ་དང་སྨན་རིགས་སོགས་ལ་མ་བསྟེན་ན་སྲོག་ལ་ཉེན་ཁ་ཆེ།

ནད་རིགས་གཉིས་པ་ non-insulin dependent diabetes or adult-onset diabetes ཞེས་པ་ནི། ཉུང་མཐའ་ལའང་གཅིན་ནད་ཀྱི་བརྒྱ་ཆ་ ༩༠ ཙམ་གྱི་འབྱུང་རྐྱེན་གཙོ་བོ་ཞིག་ཆགས་ཡོད། འདི་ནི་གཅིན་ནད་ཀྱི་ནད་གཞི་འཚོལ་སྐབས་མཁྲིས་པའི་སྐུལ་རྒྱུ་ཡི་རྒོལ་ཤུགས་དང་། དེ་དང་འབྲེལ་བའི་ནུས་བཅུད་ཉམས་པའི་དབང་གིས་འབྱུང་བ་དང་། ཡང་ན་གཉིས་ཀས་རྐྱེན་བྱས་ནས་འབྱུང་བའང་ཡོད། གཅིན་ནད་རིགས་གཉིས་པ་འདིའང་ལོ་ན་རྒན་གཞོན་ལ་མ་ལྟོས་པར་སུ་ལའང་འབྱུང་སྲིད། དེ་བཞིན་དུ་ན་ཚ་འདི་ནི་ལོ་མང་པོའི་བར་ཡོད་པར་ཚོར་མི་ནུས་ཤིང་། ནམ་ཞིག་གཅིན་པ་དང་ཁྲག་གི་བཅུད་རྫས་ཀ་ར་རྣམས་བརྟག་དཔྱད་བྱས་ན་དེའི་རྟགས་མཚན་རྣམས་མངོན་གྱུར་དུ་གསལ། འདིའི་རིགས་ཕལ་ཆེ་བ་ཧ་ཅང་རྒྱགས་པ་ལ་བརྟེན་ནས་འབྱུང་བ་སྟེ་འདིས་མཁྲིས་པའི་སྐུལ་རྒྱུ་འགོག་རྒོལ་བྱས་ནས་ཁྲག་གི་བཅུད་རྫས་ཀ་ར་ཡི་ཚད་རྣམས་མཐོན་པོར་བཏང་བས་སོ། །ནད་གཞི་འདི་དང་ལྡན་པའི་མི་རྣམས་ཀྱིས་ལུས་རྩལ་སྦྱོང་བརྡར་དང་ཟས་དང་སྤྱོད་ལམ་བསྟེན་ཚུལ་སོགས་ཚུལ་བཞིན་དུ་གནང་ན་ཚབས་ཆེར་མི་འགྲོ་བ་ལ་དགེ་ཕན་ཆེ།
ནད་གཞི་དང་པོ་དང་གཉིས་པ་གཉིས་ལས་ཚབས་ཆེ་བའི་གཅིན་ནད་ཞིག་མེད་དོ། །

རིགས་གསུམ་པ་ Gestational diabetes (GDM) ནི་མངལ་འཁོར་བའི་གནས་སྐབས་སུ་ཁྲག་ནང་གི་བཅུད་རྫས་ཀ་ར་ཡི་ཚད་མཐོན་པོར་སོན་པ་ལས་འབྱུང་ཞིང་།  ནད་འདི་ནི་འཛམ་གླིང་གི་བུད་མེད་བརྒྱ་ཆ་བརྒྱ་ལས་མ་མཐར་བཞི་ལས་མི་ཉུང་བ་ཞིག་ལ་བྱུང་ཡོད། དེ་ཡང་མ་བུ་གཉིས་ཀ་ལ་འབྱུང་སྲིད། ནད་གཞི་འདི་བྱིས་པ་བཙས་ཟིན་པའི་རྗེས་ལ་མངོན་གྱུར་དུ་མི་སྣང་ཡང་། དེའི་ཚེ་ཟས་སྤྱོད་སོགས་བསྟེན་ཚུལ་གཟབ་ཟོན་མ་བྱས་ན་དེའི་རྐྱེན་གྱིས་མ་བུ་གཉིས་ཀ་ལ་ནད་རིགས་གཉིས་པ་དེ་སྣ་འདྲེན་བྱེད་སྲིད། འདིའི་ལོ་རྒྱུས་ཐོག་ཏུ་གཅིན་ནད་རིགས་གསུམ་པ་དེ་ཡོད་པའི་སྐྱེ་དམན་མང་ཆེ་བ་ཞིག་ལ་ཕྲུ་གུ་སྐྱེས་ནས་ལོ་ལྔའམ་བཅུ་འདས་རྗེས་སུ་ནད་རིགས་གཉིས་པ་དེ་འབྱུང་གི་ཡོད་པར་བཤད་འདུག།
སྤྱིར་ནད་གཞི་འདིའི་རིགས་ལ་རྣམ་གྲངས་ཕྱེ་ན་མང་དུ་མཆིས་ཀྱང་གཙོ་བོ་འདི་གསུམ་ཡིན་པས་ན་དམིགས་བསལ་དུ་བཤད་པ་ཡིན་ནོ།།

གཅིན་ནད་ཀྱི་ནད་རྟགས་སམ་སྔ་ལྟས་ནི།

འདིའི་ནད་རྟགས་སམ་སྔ་ལྟས་ནི་མི་སོ་སོར་རྣམ་པ་མི་འདྲ་བར་ཡོང་ཆོག་ཅིང་། ཡང་འགའ་ཞིག་ལ་རྟགས་མཚན་གཏན་ནས་མི་འབྱུང་བའང་ཡོད། ཡིན་ནའང་གཙོ་ཆེ་བའམ་ཕལ་ཆེ་བ་ཞིག་ལ་གཤམ་གསལ་གྱི་རྟགས་མཚན་རྣམས་འབྱུང་གི་ཡོད།
v  གཅིན་པ་ཐེངས་མང་འབབས་པ།
v  ཁ་ཧ་ཅང་སྐོམ་པ།
v  གྲོད་ཁོག་ཡང་ནས་ཡང་དུ་ལྟོགས་པ།
v  གཟུགས་པོའི་ལྗིད་ཚད་ཉམས་པ།
v  ཐང་ཆད་པ།
v  སེམས་དམིགས་པ་གཅིག་ཏུ་གནས་མི་ཐུབ་པའམ་སྤྲོ་སྣང་ཞན་པ།
v  ཡན་ལག་སོགས་ལ་གློ་བུར་གྱི་ཚོར་བ་རྣོན་པོ་སྐྱེ་བ། ཡང་ན་རེག་ཚོར་བརླག་འགྲོ་བ།
v  མིག་གིས་གསལ་པོར་མཐོང་མི་ཐུབ་པ།
v  ཡང་ཡང་གཉན་ཁ་སྐྱེ་བ།
v  རྨ་རྣམས་མྱུར་དུ་མི་དྲག་པ།
v  སྐྱུག་པ་འཆོར་བ་དང་གྲོད་ཁོག་ན་བ།
ནད་གཞི་གཉིས་པ་དང་ལྡན་པའི་མི་རྣམས་ལ་ནི་ནད་གཞི་དང་པོའི་རྟགས་མཚན་དམིགས་བསལ་མངོན་གྱུར་དུ་མ་བྱུང་ཡང་ནད་གཞི་དང་པོ་འདི་ཉིད་གློ་བུར་དུ་ཐོག་རྒྱག་ཏུ་འབྱུང་སྲིད་པས་གཅིན་ནད་འདི་འདྲའི་རིགས་ནི་ཤིན་ཏུ་རྟོགས་དཀའ་བ་ཞིག་ཡིན།
གལ་སྲིད་ཁྱེད་རང་རྣམས་ལའང་རྟགས་མཚན་འདི་རྣམས་འབྱུང་ཚེ་མྱུར་དུ་སྨན་པ་སོགས་བསྟེན་དགོས།

ནད་གཞི་འདི་སྔོན་འགོག་གི་ཐབས་ནི།

ནད་རིགས་གསུམ་ལས། དང་པོའི་སྔོན་འགོག་གི་ཐབས་ལམ་ད་ལྟའི་བར་གསོ་རིག་གི་ངོས་ནས་བརྙེས་མེད། དེ་བཞིན་དུ་ཁོར་ཡུག་གི་ཤུགས་རྐྱེན་གྱིས་གཟུགས་པོའི་མཁྲིས་པའི་སྐུལ་རྒྱུ་འདོན་སྤེལ་བྱེད་མཁན་གྱི་སྦུབས་ཕྲན་ (body's insulin producing cells) ལ་གནོད་འཚེ་གཏོང་ཚུལ་དེ་ཡང་ད་དུང་ཞིབ་དཔྱད་བྱེད་བཞིན་པ་རེད།
གཉིས་པའི་སྔོན་འགོག་གི་ཐབས་ལམ་ནི། རང་གི་གཟུགས་པོའི་ལྗིད་ཚད་ཧ་ཅང་ཐོན་པོར་མི་འཕེལ་བའི་ཆེད་དུ་འཕྲོད་བསྟེན་སོགས་ལ་འབད་དགོས་པ་སྟེ། དེ་ཡང་གཙོ་བོ་ཁོག་པའམ་ལྟོ་བ་རྒྱགས་པ་ལ་དམིགས་བསལ་འཛེམས་ཟོན་བྱེད་དགོས། དེས་ན་གཟུགས་པོར་འཕྲོད་བསྟེན་བྱ་རྒྱུ་ནི་གཅིན་ནད་ལས་འགྲོལ་བྱེད་ཀྱི་ཐབས་ཁྱད་པར་བ་ཞིག་ཆགས་ཡོད། འཕྲོད་བསྟེན་གྱིས་ལུས་པོའི་ལྗིད་ཚད་སྟངས་འཛིན་བྱེད་པ་མ་ཟད། ཁྲག་ཤུགས་ཁོད་སྙོམས་པོར་བཞག་ནས་སྙིང་རྩའི་འཕར་ཚད་རྣམས་ཆེ་ཆུང་དུ་ཤོར་བ་རྣམས་ཀྱང་མཉམ་པོར་བཟོ་བ་སོགས་ལུས་ཁམས་བདེ་བར་ཡོང་བ་ལ་ཕན་རླབས་ཤིན་ཏུ་ནས་ཀྱང་ཆེའོ། །ལྷག་པར་དུ་འཕྲོད་བསྟེན་བྱ་རྒྱུའི་མཐུན་རྐྱེན་མེད་ཐབས་མེད་པ་ཞིག་ནི། བཅུད་ཅན་གྱི་ཟས་རྣམས་ལ་ལོངས་སུ་སྤྱོད་པའི་ཚེ་རང་གི་ལུས་པོོའི་གནས་ཚད་དང་བསྟུན་ནས་མང་ཉུང་རན་པར་ཟ་དགོས་པ་འགལ་གནད་ཆེ། དེ་བཞིན་དུ་ཆུ་ཚོད་དྲུག་ལས་ཉུང་བའམ་ཆུ་ཚོད་དགུ་ལས་མང་བ་ཉལ་རྒྱུ་དེས་ཀྱང་གཅིན་ནད་རིགས་གཉིས་པ་འདི་འཕེལ་རྒྱུའི་རྒྱུ་རྐྱེན་བྱེད་ཀྱིན་ཡོད། ཆུ་ཚོད་དྲུག་ལས་ཉུང་ངུར་ཉལ་བ་དེས་ལུས་པོའི་ནང་གི་སྐུལ་རྒྱུ་ (hormone) ཡི་ཟས་བཅུད་རྣམསཀྱི་སྒྲིག་སྲོལ་ལམ་སྟངས་འཛིན་གྱི་ཚད་སྙོམས་མི་ཐུབ་པ་དང་། དེ་བཞིན་དུ་དུས་ཡུན་ཆུ་ཚོད་དགུ་ལས་མང་བ་ཉལ་བ་དེས་ཀྱང་སོ་སོའི་དབུགས་འབྱིན་རྔུབ་བྱ་རྒྱུར་གནོད་ཅིང་ལུས་སྟོབས་ཉམས་འགྲོ་བ་མ་ཟད་ Obstructive Sleep Apnea (OSA) སྟེ་ཉལ་སྐབས་དབུགས་ནང་དུ་བསགས་ནས་གནས་སྐབས་དབུགས་འབྱིན་རྔུབ་ཀྱི་བྱེད་ལས་འགག་ཉེན་ཡོད། ནད་གཞི་འདིས་མནར་བའི་མི་རྣམས་ལ་ཛ་དྲག་གི་ནད་གཞི་གཞན་རྣམས་འབྱུང་ཉེན་ཆེ་ཞིང་། དེ་བཞིན་ཁྲག་ལ་གཅུད་རྫས་ཀ་རའི་ནུས་ཤུགས་མཐོ་རུ་སོང་བས་ཀྱང་སྙིང་དང་ཁྲག་གི་རྩ་སྦུབས། མིག སོ། མཁལ་མ་སོགས་ལའང་གནོད་རྐྱེན་ཐེབས་ཉེན་ཤིན་ཏུ་ནས་ཆེ། དཔལ་འབྱོར་གྱི་ཡོང་འབབ་མཐོན་པོར་སོན་པའི་རྒྱལ་ཁབ་ཕལ་ཆེ་བའི་མི་རྣམས་ལ་གཅིན་ནད་ཀྱི་གདོན་རྐྱེན་འདི་དག་ལ་བརྟེན་ནས་ (Cardiovascular Disease) སྙིང་ཁམས་དང་ཁྲག་རྩ་ལ་གནོད་པའི་ནད་དང་། (blindness) མིག་ལོང་བ། (kidney failure) མཁལ་མའི་ནུས་ཤུགས་ཞན་དུ་འགྲོ་བ། (lower limb amputation) ལུས་པོའི་སྨད་ཀྱི་ཆ་ལག་རྣམས་རྨ་དང་གཉན་ཁས་ཁྱབ་ནས་ཆད་འགྲོ་བ་ལ་སོགས་པའི་གནོད་ཚབས་ཆེན་པོ་ཞིག་བྱུང་དང་འབྱུང་མུས་ལགས་སོ།།

Comments

Popular posts from this blog

Character Creating

Finding the Unfound (Part 2)

Cheerful Weather