Brief Biography of Bhanubhakta Acharya (in Tibetan)



བྷ་ནུ་བྷཀྟ་ཨ་ཙརྱ།

ཕུལ་བྱུང་གི་སྙན་ངག་པ་བྷ་ནུ་བྷཀྟ་ཨ་ཙརྱ་ནི་ནུབ་བལ་ཡུལ་གྱི་ཏ་ན་ཧུ་ཞེས་པའི་ས་ཁུལ་དུ་བྲམ་ཟེའི་རིགས་ཕ་དྷན་ཛནྱ་ཨ་ཙརྱ་དང་མ་དྷརྨ་ཝཏི་དེ་བིའི་བུར་སྤྱི་ལོ་ ༡༨༡༤ ལོར་སྐྱེས། སྐབས་དེར་བལ་ཡུལ་དང་རྒྱ་གར་གྱི་ས་གནས་ཕལ་ཆེ་བར་སཾསྐྲི་ཏའི་སྐད་ཡོངས་སུ་ཁྱབ་ཡོད་པས་སྐབས་དེའི་རིགས་མཐོ་བའི་མི་ཁོ་ནས་སཾསྐྲི་ཏའི་སྐད་ཐོག་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་བརྙེད་ཅིང་ཧིན་དུའི་ཆོས་དང་ཆོས་ཁང་རྣམས་ཀྱི་བདག་པོར་གྱུར། དེ་བཞིན་དུ་སཾསྐྲི་ཏའི་སྐད་ཡིག་མི་ཤེས་མཁན་རྣམས་ནི་རང་གི་ཆོས་ལུགས་དང་འབྲེལ་བའི་བསྟན་བཅོས་རྣམས་ཀྱང་གོ་མ་ཐུབ་པ་ཞིག་ཏུ་གྱུར།
དེ་མ་ཟད་སྐབས་དེའི་མི་སྣ་མཁས་པ་དག་གིས་བརྩམས་ཆོས་རྣམས་ཀྱང་སཾསྐྲི་ཏའི་སྐད་ཁོ་ནར་བརྩམས་པ་ལས་བལ་སྐད་ཐོག་འབྲི་རྩོམ་མཁན་སུ་ཡང་མ་བྱུང་། བྷ་ནུ་བྷཀྟ་ཁོང་ནི་ཆུང་དུས་ནས་པོ་པོ་ཤྲི་ཀྲིཥྞ་ཨ་ཙརྱའི་དྲུང་དུ་རང་གི་ཆོས་ལུགས་དང་འབྲེལ་བའི་སྒོ་ནས་སཾསྐྲི་ཏ་དང་ཥ་སའི་རིགས་གཞུང་སྟེ་ད་ལྟ་ཡོངས་གྲགས་སུ་བལ་སྐད་ཀྱི་ཐོག་སློབ་སྦྱོང་ཕུལ་དུ་ཕྱིན་རྗེས་རང་གི་མི་ཚེ་ལྷོད་པོའི་ངང་སྡོད་བཞིན་པ་ན། ཉིན་ཞིག་རང་ཉིད་འཇིག་རྟེན་འདི་ནས་ཁ་བྲལ་རྗེས་མི་རྣམས་ཀྱི་དྲན་པའི་རྟེན་དུ་གྱུར་པའི་ལག་རྗེས་གཞག་པའི་ཆེད་དུ་སྤྱི་ཚོགས་སུ་ཁྲོན་པ་ཞིག་བཟོ་བར་བརྩོན་བཞིན་པའི་རྩྭ་པ་ཞིག་དང་འཕྲད། རྩྭ་པ་དེའི་བསམ་ཕྱོགས་དང་བྱེད་སྟངས་རྣམས་མཐོང་ནས་བྷ་ནུ་བྷཀྟ་ཁོང་ཡང་སེམས་འགུལ་ཐེབས་ཤིང་རང་ཉིད་ངོ་ཚ་བས་སྙན་ངག་ཅིག་འདི་ལྟར་བྲིས་པ། རྩྭ་པ། ཞེས་པའི་སྙན་ངག་འདི་བལ་སྐད་ཀྱི་ལོ་རྒྱུས་ཐོག་སྙན་ངག་ཐོག་མ་བ་ཞིག་ཏུ་ཆགས་ཡོད། དེ་མ་ཟད་ཁོང་གི་བརྩམས་ཆོས་དག་ལ་གཟིགས་པས་བལ་པོའི་སྙན་ངག་པ་ཆེན་པོ་ལཀྵམི་པྲ་སཱད་དེབ་ཀོ་ཊཱས་ཀྱང་བསྔགས་བརྗོད་དང་བཅས་པའི་སྒོ་ནས་བྷ་ནུ་བྷཀྟ་དྲན་པའི་སྙན་ངག་ཅིག་ཕུལ།

དེ་ནས་ཁོང་ནི་བལ་པོའི་ཡུལ་དེར་སྟབས་ཤིག་ཏུ་སྐད་ཡིག རྩོམ་རིག རིག་གཞུང་། ཆོས་ལུགས། ལྟ་གྲུབ། སྲོལ་རྒྱུན། གཤིས་རྒྱུད། ཆེ་མཐོང་། ཕའི་བྱམས་བརྩེ། སྤུན་མཆེད། འགན་འཁྲི། རྒྱལ་གཅེས་སོགས་ཀྱི་སྒོ་ནས་བལ་ཡུལ་གྱི་ཕུལ་བྱུང་གི་སྙན་ངག་པ་ ༼ཨཱ་དི་ཀ་བི་༽ ཞེས་པ་དང་རྒྱལ་གཅེས་ཀྱི་དཔའ་བོ་ཞེས་པ་ལ་སོགས་པའི་མཚན་གྱིས་བརྩི་མཐོང་བྱས་པ་མ་ཟད་བལ་ཡུལ་གྱི་རྩོམ་རིག་ལ་བཀའ་དྲིན་ཆེས་ཆེ་བའི་མི་ཞིག་ཏུ་བརྩི་ཡིན་ཡོད།
ཁོང་གི་བརྩམས་ཆོས་དག་ལས་ཆེས་ཆེ་བའི་རླབས་ཆེན་དུ་གྱུར་པ་ནི། རྒྱལ་པོ་དགའ་བྱེད་ཀྱི་རྟོགས་པ་བརྗོད་པ་རཱ་མཱ་ཡཎ་ཞེས་པའི་བསྟན་བཅོས་བལ་སྐད་ཐོག་བསྒྱུར་པ་དེ་ཆགས་ ཡོད། བསྒྱུར་རྩོམ་འདིས་བལ་པོའི་ཧིན་དུ་མི་རིགས་རྣམས་ལ་རང་གི་ཆོས་ལུགས་དང་འབྲེལ་བའི་གོ་རྟོགས་བརྙེད། དེ་ཡང་སྐབས་དེའི་མི་ཕལ་ཆེ་བས་ལྷ་ཁང་གསར་དུ་བཟོ་བ་དང་ཉམས་པ་སླར་གསོ། གདུང་རྟེན་དང་དེ་བཞིན་དུ་ངལ་གསོ་ཁང་དང་ཆུ་རྐ་ལ་སོགས་བཟོ་རྒྱུ་ནི་ཆོས་ཀྱི་བྱ་བར་བརྩི་ཡིན་ཡོད་པ་དང་། ཡང་རྒྱལ་པོ་དག་གིས་ནི་ཤིན་ཏུ་བཀོད་ལེགས་པའི་ཤིང་དང་རྡོ་དང་ལྕགས་སོགས་ཀྱིས་བརྒྱན་པའི་མཆོད་རྟེན་བཞེངས་པ་དང་། དེ་བཞིན་དུ་སྒྱུ་རྩལ་ལ་མཁས་པ་དག་གིས་རང་གི་ནུས་པ་ཡོད་ཚད་ཀྱིས་ལྷ་རྣམས་དགའ་བའི་དྲན་རྟེན་རྣམས་བཞེངས་པ་སོགས་ཀྱིས་ཨམྲ་ཝཏིའི་ལྷ་ཡུལ་དུ་གནས་པའི་བརྒྱ་བྱིན་དགའ་རུ་བཅུག་པའི་ལས་ལ་འབད། དེ་བཞིན་དུ་རྒྱུ་ནོར་ཕྱུག་པོའམ་དབུལ་པོ་ཐམས་ཅད་ཀྱིས་རང་གི་ལྷ་རྣམས་དགའ་བའི་མཆོད་པ་འབུལ་རྒྱུར་ཧུར་ཐག་འབད་ཐག་གིས་བརྩོན་གྱིན་ཡོད། འོན་ཀྱང་བྷ་ནུ་བྷཀྟ་ཁོང་གིས་ནི་རང་གི་ལྷ་དགའ་བའི་རྟེན་དུ་གྱུར་པའི་བྱ་བ་ལ་རྒྱལ་པོ་དགའ་བྱེད་ཀྱི་བྱས་རྗེས་རྣམས་བལ་སྐད་ཤེས་མཁན་ཚང་མས་གོ་ཐུབ་ན་སྙམ་པའི་རེ་བ་དང་བཅས་བལ་ཡུལ་གྱི་སྐད་དཀྱུས་མ་ཞིག་ཏུ་བསྒྱུར་པས་རང་གི་ལྷ་དགའ་བའི་རྟེན་ཙམ་མ་ཟད་ཧིན་དུ་བ་རྣམས་ལ་བཀའ་དྲིན་བླ་ན་མ་མཆིས་པ་ཞིག་བསྐྱངས།
དེ་བཞིན་དུ་ཁོང་གི་བརྩམས་ཆོས་གཞན་ཡང་། རང་ཉིད་བཙོན་ཁང་ན་སྡོད་སྐབས་བལ་ཡུལ་གྱི་སྲིད་བློན་ལ་བྲིས་པའི་སྤྲིངས་ཡིག་སྟེ། དེ་ཡང་ཁོང་ནི་ཡིག་ཆ་འགའི་སྟེང་དུ་ས་རྟགས་བྱེད་སྟངས་ནོར་བའི་རྐྱེན་གྱིས་བཙོན་དུ་བཅུག བཙོན་ཁང་ནང་དུ་ལུས་ཁམས་སྡུག་ཏུ་ཕྱིན་པ་དང་། བཙོན་པ་དག་གིས་མྱུར་དུ་གློད་གྲོལ་གཏང་རྒྱུའི་རྫུན་གཏམ་སྨྲས་ཤིང་དུས་ཡུན་རིང་པོའི་བར་ཁ་མཆུ་གཙང་མ་བཟོས་མ་ཐུབ་སོགས་ཀྱིས་ཤིན་ཏུ་ཉམ་ཐག་པས་ནུས་སྟོབས་ལྡན་པའི་སྲིད་བློན་དག་ལ་རང་དབང་གི་རེ་སྐུལ་ཞིག་འདི་ལྟར་ཕུལ་བ།

ཉིན་མོ་བེད་མེད་དུ་བསྐྱོད་ཀྱང་ང་རང་བཟོད་མ་ཐུབ།།

ཁྱེད་ཀྱིས་ངའི་ཁ་མཆུ་དེ་གཙང་མ་བཟོས་ན་དོན་རླབས་ཆེན་བྱུང་།།

ངས་འདིར་ལྟ་རྟོགས་བྱེད་མཁན་དང་སྐད་ཆ་བཤད་འདོད་ནའང་ཚུར་ལ་སྐད་ཆ་མ་བཤད།།

གལ་སྲིད་ཁོང་གིས་སྐད་ཆ་བཤད་ནའང་ཁོང་གི་ "སང་ཉིན། སང་ཉིན།" དེ་དགོད་བྲོ་བའི་སྒྲ་ལྟ་བུར་གྱུར།།

འདི་སང་ཉིན་ཞེས་པ་དེ་གང་ཡིན། དེ་ལས་ང་ནམ་ཡང་གློད་གྲོལ་མི་གཏང་རྒྱུའི་གཏམ་ཞིག་ཐོས་ན་དགའ།།

སང་ཉིན་མང་པོ་ཞིག་འདའ་སོང། སྐུ་མཁྱེན། ངའི་རེ་བ་སྟོང་པ་དེ་འགེངས་རོགས། ངས་རེ་བ་ཞུ་ཡི་ཡོད།


རྩོམ་ཡིག་འདི་ལ་ལྟ་དུས་ཁོང་ནི་བལ་པོའི་སྙན་ངག་པ་ཐོག་མ་བ་ཙམ་མིན་པར་རང་གི་སེམས་ནང་གི་གཏམ་རྣམས་རང་བཞིན་བརྗོད་པའམ་ཡིན་ལུགས་དྲང་པོའི་ངང་ནས་ཡིག་ཐོག་ཏུ་འབེབས་མཁན་གྱི་སྙན་ངག་པ་ཐོག་མ་བའང་ཆགས་ཀྱིན་ཡོད་པ་ལོ་རྒྱུས་དག་ལས་ཐོག་མ་བ་ཡིན་པ་དཔོག་ཐུབ། ཁོང་གི་སྙན་རྩོམ་དེས་རང་ཉིད་བཙོན་ཁང་གི་ཉན་ཚབས་ཅན་གྱི་མི་ཚེ་ལས་གློད་གྲོལ་བཏང་།
དེ་ནས་སྤྱི་ལོ་ ༡༨༦༨ ལ་མི་དཀྱུས་མ་ཞིག་ཏུ་ཤི་ཡང་རང་ཉིད་ཤི་རྗེས་བལ་ཡུལ་གྱི་བཀུར་བར་འོས་པའི་སྙན་ངག་པ་ཞིག་ཆགས་རྒྱུ་མ་ཤེས་ཀྱང་ཕྱིས་སྤྱི་ལོ་ ༡༨༨༧ ལོར་མོ་ཏི་རཱམ་བྷཊྚ་ཡིས་ཁོང་གི་རྩོམ་ཡིག་དེ་དག་རྒྱ་གར་ཝཱ་རཱ་ཎཱ་སིར་འགྲེམས་སྤེལ་བྱས་པ་ན་ཁོང་གིས་བསྒྱུར་པའི་རཱ་མ་ཡཎ་དེ་ཧིན་དུའི་སྤྱི་ཚོགས་སུ་རྩོམ་པ་པོ་གཞན་གྱི་བསྒྱུར་དང་འགྲན་མི་ཐུབ་པར་ཕུལ་དུ་ཕྱིན་པ་ཞིག་ཏུ་གྱུར་པ་མ་ཟད་མི་སྣ་དག་གིས་བསྔགས་བརྗོད་ཀྱི་མེ་ཏོག་ཐོར། ཁོང་དང་སྙན་ངག་པ་ཆེན་པོ་ལཀྵམི་པྲ་སཱ་ད་དེབ་ཀོ་ཊཱ་གཉིས་བལ་ཡུལ་གྱི་སྙན་ངག་ཐོག་རྒྱལ་པོའམ་ལྷ་ལྟ་བུར་བརྩི་ཡིན་ཡོད་ཀྱང་། ཁོང་གཉིས་ལས་ལཀྵམི་པྲ་སཱ་ད་དེབ་ཀོ་ཊཱ་ནི་རང་ཉིད་འཚོ་བཞིན་པའི་གནས་སྐབས་སུ་སྙན་གྲགས་ཆགས་པ་དང་བྷ་ནུ་བྷཀྟ་ནི་ཤི་རྗེས་སྐད་གྲགས་ཆགས་པ་ཙམ་གྱི་ཁྱད་པར་མ་གཏོགས་ཁྱད་པར་གཞན་གང་ཡང་མེད་པར་ཚང་མས་ཁས་ལེན་བཞིན་ཡོད།

Comments

Popular posts from this blog

Character Creating

Finding the Unfound (Part 2)

Cheerful Weather